ཕྱི་ལོ་༢༠༢༥ ཟླ་བ་༡ ཚེས་༢༩ ནས་ཟླ་བ་༢ ཚེས་༡ བར་བིངྒ་ལོར་གྲོང་ཁྱེར་དུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་སློབ་ཏུ་བོད་ཀྱི་ཚན་རིག་འདུ་འཛོམས་ཐེངས་བདུན་པ་དེ་འཚོགས་ཡོད་པ་དང་། སྐབས་དེར་དགེ་བཤེས་ཐབས་མཁས་ལགས་དང་། རྒན་སྐལ་ལྡན་རྒྱ་མཚོ་ལགས་གཉིས་མཉམ་ཞུགས་གནང་ཡོད། དགེ་བཤེས་ཐབས་མཁས་ལགས་ཀྱིས་མི་བཟོས་རིག་ནུས་དང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག ཆེད་ལས་མཁས་དབང་ཁཱེ་རི་སི་ལགས་དང་བཞུགས་མོལ་བགྲོ་གླེང་གནང་བ་མ་ཟད། རང་རེའི་ཚན་རིག་ཁང་གི་ཞིབ་འཇུག་བྱེད་བཞིན་པའི་དཔྱད་འཇོག་གཉིས་ཀྱི་སྒོམ་དང་དབང་རྩའི་འབྲེལ་ལམ་ཞེས་པའི་ཐོག་གསུང་བཤད་གནང་ཡོད། རྒན་སྐལ་ལྡན་རྒྱ་མཚོ་ལགས་ཀྱིས་རང་རེའི་ཚན་རིག་ཁང་གི་ཉམས་ཞིབ་གནང་བཞིན་པའི་བོད་ཀྱི་དགོན་སྡེའི་རིགས་ལམ་ཁྲོད། ཀླད་པ་ཕན་ཚུན་མཚུངས་སྒྲིག་ཇི་ལྟར་ཡོང་མིན་སོགས་ཀྱི་སྐོར་ལ་གསུང་དང་དེ་བཞིན་སྟོང་ཉིད་ཞིབ་འཇུག་གི་སྤྱན་བསྟར་ཡང་ཞུས་ཡོད། གོ་སྒྲིག་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

