སེར་བྱེས་དབྱར་དུས་ཟབ་སྦྱོང་མཇུག་ལེགས་པར་སྒྲིལ་བ།

ཕྱི་ལོ་༢༠༢༥ ཟླ་བ་༧ ཚེས་༣༡ ཉིན། ཕྱི་རྒྱལ་ནས་འཚར་བའི་བོད་རིགས་གཞོན་སྐྱེས་ཚོར་དམིགས་ནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་ནང་ཆོས་སྲོལ་རྒྱུན་གྱི་གཞས་སྣ་སློབ་ཁྲིད་དང་། མ་ཟད་ས་གནས་བོད་པའི་གཞིས་ཆགས་ཁག་གི་གནས་སྟངས་གོ་རྟོགས་དང་། དགོན་པ་ཁག་ལ་གནས་མཇལ་སོགས་ལས་གཞི་སྣ་མང་ཚུད་པའི་སེར་བྱེས་དབྱར་དུས་ཟབ་སྦྱོང་ཐེངས་བཞི་པ་དེ། ཟླ་བ་༧ ཚེས་༨ ནས་༣༡ བར་ཟླ་བ་གཅིག་མ་ཟིན་ཙམ་ལ་སེར་བྱེས་གྲྭ་ཚང་གིས་གོ་སྒྲིག་ཞུས་པ་དེ་མཇུག་ལེགས་པར་གྲུབ་པའི་མཇུག་བསྡོམས་མཛད་སྒོ་ཚུགས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་སེར་བྱེས་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་སྦེལ་ཀོབ་ལུགས་བསམ་ས་གནས་གཞིས་འགོ་མཆོག་དང་། སེར་བྱེས་གྲྭ་ཚང་གི་ཕྱག་མཛོད་ཆེན་མོ་དང་། སེར་བྱེས་དེང་དུས་ཤེས་ཡོན་འགན་འཛིན་དང་། གཞན་ཡང་གྲྭ་ཚང་གི་ཚོགས་པ་ཁག་གི་འགན་འཛིན་དང་། ཁང་ཚན་རྒན་དང་། སློབ་ཕྲུག་དང་ཕ་མ་དང་འགན་ལེན་པ་བཅས་མཉམ་ཞུགས་གནང་། མཛད་རིམ་ནི། སྐུ་མགྲོན་ཁག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བ་དང་། དགེ་རྒན་དང་ལས་བྱེད་རྣམས་ལ་ཕྱག་འཁྱེར་དང་ཐུགས་རྗེ་ལེགས་འབུལ་དང་། སློབ་མ་ཚོར་༢༠༢༥ ལོའི་དབྱར་དུས་ཟབ་སྦྱོང་ལ་མཉམ་ཞུགས་གནང་བའི་ཕྱག་འཁྱེར་དང་། བོད་ཀྱི་ཡིག་གཟུགས་དང་རི་མོ་རྒྱུགས་སྤྲོད་དང་དྲི་འགོད་འགྲན་བསྡུར་སོགས་ཀྱི་རྩེ་ཕུད་རྣམས་ལ་ལེགས་སྐྱེས་དང་། དམིགས་བསལ་ལ་སེར་བྱེས་དྲ་ཐོག་གཟའ་མཇུག་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་ཐོན་པའི་སློབ་ཐོན་སྐབས་དང་པོའི་སློབ་མ་རྣམས་ལ་སློབ་ཐོན་ཕྱག་འཁྱེར་ཕུལ་བ་བཅས་རེད། སེར་བྱེས་དྲྭ་ཐོག་གཟའ་མཇུག་སློབ་གྲྭ་དེ་ཕྱི་ལོ་༢༠༢༠ ཟླ་བ་༡༢ ཚེས་༡༠ ༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཉིན་དངོས་སུ་དབུ་འཛུགས་ཞུས་པ་ཞིག་རེད། སྤྱིར་༢༠༢༥ ལོའི་སློབ་ཐོན་སྐབས་དང་པོ་ལ་སློབ་མ་གྲངས་༥༡ ཡོད་ཀྱང་འདིར་དངོས་སུ་བཅར་བ་གྲངས་༨ ཡོད། མཐའ་མཇུག་ལ་སློབ་མ་རྣམས་ཀྱིས་སྒྲ་བརྙན་དཀྲོལ་བ་དང་། གླིང་བུ་འབུད་པ་དང་། གཞས་སྣ་འཁྲབ་སྟོན་དང་། སྙན་ངག་གྱེར་འདོན་བཅས་གཟིགས་འབུལ་ཞུས་སོང་།

Closing ceremony of fourth Summer camp for Sera Jey International online school was held on 31 July 2025

Leave a Reply

Your email address will not be published. Required fields are marked *